ལེགས་སྒྲིགས་གསལ་བཤད།
གཏམ་ཚོགས་འདི་ནི། དཔྱོད་ངོར་གོམས་པའི་སྐྱེ་བོ་བློ་གྲོས་ཅན་རྣམས་ཀྱིས་ཨ་མདོའི་རིག་གནས་ལ་ཞིབ་འཇུག་གནང་སྟེ། ཇི་ལྟར་གྲུབ་དོན་རྙེད་པའི་འབྲས་བུ་རིག་གཞུང་དུས་དེབ་སོགས་ལ་བཀོད་ནས་གདེང་འཇོག་ཐོབ་པ་དེ་རིགས། ངེད་ཅག་ཞིབ་འཇུག་ཁང་གིས་ཕྱོགས་སྒྲིག་བྱས་ཏེ་གཏམ་ཚོགས་སུ་སྤེལ་པ་ཞིག་ཡིན་པས། བརྗོད་གཞི་ཨ་མདོའི་རིག་གནས་ལ་འབྲེལ་ཞིང་། དཔྱད་འབྲས་སྔོན་ཆད་སྤེལ་པར་གཏོགས་ལ། དཔྱོད་ཐབས་ཀྱི་རིགས་ལམ་དང་དཔྱད་འཇོག་གི་དགག་སྒྲུབ་སོགས་ནི་ཅི་རིགས་པར་བྱུང་བའི་ཐོག་ཏུ། དཔྱད་རྩོམ་བཀོད་པའི་རིག་དེབ་ཀྱི་ངོ་བོ་དང་རིམ་པ་སོགས་ཀྱང་གཏན་ནས་མི་འདྲ་བར་ཡོད་པ་སྟེ། མ་ཡིག་གི་འབྱུང་ཁུངས་རྒྱ་ཆེ་ཁར་དུས་ཁྱད་ཀྱི་བར་བརྒལ་ཡུན་རིང་ཞིང་རིག་ཚན་གྱི་དབྱེ་སྒོ་ཤིན་ཏུ་མང་བའི་ཕྱིར་ན། འདིར་དགོས་དབང་གིས་བཀག་རྒྱ་དེ་དག་ལས་བརྒལ་ནས་ཁྱད་ཐོན་ཞིབ་འཇུག་གི་གྲུབ་འབྲས་ཁུ་བསྡུ་བྱས་པ་ཞིག་ཡིན་ཞིང་། ཨ་མདོའི་རིག་གནས་ཀྱི་བྱུང་འཕེལ་ལོ་རྒྱུས་དང་། རྩ་ལག་གྲུབ་ཚུལ། སྒྲོམ་གཞི་ཆགས་སྟངས་སོགས་ལ་རྒྱུས་ལོན་བྱེད་པའི་ཡིག་ཆ་གལ་ཆེན་ཞིག་ཏུའང་གྲུབ་ཡོད་པར་མཐོང་།
ཨ་མདོ་ཞེས་པ་ནི་ཡུལ་བབ་ནམ་ཟླའི་ཆ་ནས་བཏགས་པའི་ས་ཁམས་ཤེས་བྱའི་ཐ་སྙད་ཅིག་ཡིན་པར་མ་ཟད། མངའ་ཁོངས་ཀྱི་ཁྱད་པར་གྱིས་བཏགས་པའི་ལོ་རྒྱུས་ཤེས་བྱའི་ཐ་སྙད་ཅིག་ཀྱང་ཡིན་ལ། ཡུལ་ཆོས་བྱེ་བྲག་པའི་དགོས་དབང་གིས་བཏགས་པའི་ལྟ་གྲུབ་རིག་གནས་ཀྱི་ཐ་སྙད་གལ་ཆེན་ཞིག་ཀྱང་ཡིན་པས། ཐ་སྙད་འདིས་དམིགས་ཤིང་གཞོལ་ལ་རྗེས་སུ་འཛིན་པའི་རིག་གནས་ནི། ཡང་དག་པར་བོད་ཀྱི་ཤེས་རིག་གི་གྲུབ་ཆར་གྱུར་པའི་ཨ་མདོའི་རིག་གནས་ཡིན། ཨ་མདོའི་རིག་གནས་ཀྱི་རྩ་བ་རྟེན་ས་བོད་སྤྱི་བའི་རིག་གནས་ཡིན་ནའང་། ཡུལ་བབ་ནམ་ཟླའི་ཁོར་ཡུག་དང་དཔལ་འབྱོར་འཚོ་བའི་གནས་སྟངས་སོགས་ཀྱིས་བྱེ་བྲག་གི་ཁྱད་ཆོས་ཀྱང་ཐོན་ཡོད་པས། འདིར་བྱེ་བྲག་གི་ཁྱད་ཆོས་བཟུང་ནས་དཔྱད་རྩོམ་སྤེལ་པ་རྣམས་རིགས་དབྱེ་སྒོས་བསྡུ་སྒྲིག་བྱས་པ་ནི། དོན་དངོས་སུ་ཞིབ་འཇུག་པ་རྣམས་ཡུན་རིང་འབད་བརྩོན་བྱས་པའི་གྲུབ་འབྲས་ཡིན་པ་སྨྲ་མ་དགོས་པར་གྲུབ། ཁོང་ཅག་གི་མཛད་རྗེས་ལས་ང་ཚོས་ཨ་མདོའི་རིག་གནས་གླེང་བའི་ཁྱབ་ཁོངས་ནང་འབུར་ཐོན་གྱི་གྲུབ་འབྲས་བླངས་ཡོད་པ་མཐོང་ཐུབ་ལ། ད་དུང་ཧོར་ཁོངས་སུ་ལུས་པའི་སྟོང་ཆ་དང་། དཔྱད་ཞིབ་ཀྱིས་མ་འདིང་བའི་སྐྱོན་ཆ། ཡར་རྒྱས་མེད་པའི་བསྐྱར་བཤད་བྱུང་རིགས་སོགས་ཀྱང་རྟོགས་ཐུབ་པར་ཡོད་པས། གང་ཞིག་སྔ་མ་བྱུང་ཟིན་གྱི་གྲུབ་འབྲས་རྣམས་ཤེས་རིག་གི་སྒྲོམ་གཞིའི་ནང་ཕྱོགས་སྡོམས་བྱས་པ་དང་། ཕྱི་མ་འབྱུང་འཇུག་གི་དམིགས་ཕྱོགས་རྣམས་རིགས་དཔྱོད་ཀྱི་སྐྱོད་རིམ་ནང་གསལ་སྟོན་བྱས་ཡོད་པས། ཅིས་ཀྱང་ཨ་མདོའི་རིག་གནས་གླེང་བའི་གཏམ་ཚོགས་ལེགས་སྒྲིག་བྱས་པ་འདིས། ས་གནས་ཨ་མདོའི་བོད་ཀྱི་དམངས་ཁྲོད་ཤེས་བྱ་ཉམས་པ་སོར་ཆུད་དང་། མ་ཉམས་པ་རྒྱུན་འཛིན། གནས་པ་གོང་འཕེལ་གཏོང་བར་ནུས་པ་འདོན་ཐུབ་པར་ཡོད་པ་ང་ཚོར་ཡིད་ཆེས་ཡོད།
སྤྱིར་བོད་ཀྱི་རིག་གནས་དང་མ་འབྲེལ་བར་ཨ་མདོའི་རིག་གནས་གླེང་སྲོལ་མེད་ལ། ཨ་མདོའི་རིག་གནས་ཡལ་བར་དོར་ནས་བོད་ཀྱི་རིག་གནས་ཆ་ཚང་རྟོགས་སྲོལ་དེ་བས་མེད་པས། བོད་ཀྱི་ཤེས་རིག་དང་ཨ་མདོའི་རིག་གནས་གཉིས་ནི་རྟེན་བྱུང་འབྲེལ་གྱིས་གླེང་དགོས་པའི་ཆོས་ཅན་ཏུ་གྲུབ་ཡོད། དེ་ལྟའི་ཆོས་ཅན་ལ་ཞིབ་འཇུག་གནང་བའི་དཔྱད་རྩོམ་རེ་རེར་ལྟ་གྲུབ་ཀྱི་རིན་ཐང་ཁྱད་པར་བ་རེ་ཡོད་པ་ང་ཚོས་མཐོང་མོད། འདིར་སྡེ་ཚན་གྱི་ས་མིག་ནང་རྩོམ་ཡིག་ཇི་སྙེད་ཧྲིལ་གྱིས་བསྒྲིག་མི་ཐུབ་པ་གནད་དོན་ངོ་མར་གྱུར་པས། དུས་དེབ་ཀྱི་རིམ་པ་དང་མཛད་པ་བོའི་སྙན་གྲགས་སོགས་ལ་མ་ལྟོས་པར་བརྗོད་བྱའི་ཆ་ནས་སྐབས་བབ་ཀྱི་དགོས་མཁོས་ལེགས་སྒྲིག་བྱས་ཡོད་པའི་ཕྱིར་ན། སྔ་ཕྱིའི་གོ་རིམ་སྒྲིག་ཚུལ་སོགས་ཀྱིས་རྩོམ་ཡིག་གི་རིན་ཐང་དང་སྤྱི་ཚོགས་ཀྱི་གདེང་འཇོག་གཏན་ནས་མཚོན་མི་ཐུབ་པར་ཡོད། རིན་ཐང་ངོས་མ་ནི་རྩོམ་ཡིག་གི་ལྟ་གྲུབ་འཛིན་སྟངས་དང་། དཔྱོད་འཇོག་གནང་ཚུལ། སྤྱི་ཚོགས་ཀྱི་ཤུགས་རྐྱེན་སོགས་ཀྱིས་རྟོགས་པས། གང་ཞིག་དཔྱད་རྩོམ་རྙིང་བས་བློ་སྐྱེད་གསར་བ་ཐོན་པ་དེ་ནི་དོན་ངོ་མའི་རིན་ཐང་ལ་བལྟ་དགོས་པར་འཁུམས། དེ་ལྟའི་འཛིན་སྟངས་ཀྱིས་གཏམ་ཚོགས་སྒྲིག་པའི་གོ་རིམ་ནང་། ང་ཚོས་བྲེལ་དབང་གིས་རྩོམ་པ་བོ་སྐོར་ཞིག་ལ་འབྲེལ་ལམ་རྩད་ཆོད་ཀྱིས་དཔར་དབང་གི་ཆོག་མཆན་ཞུས་ནས་ཐོབ་ཡོད་ནའང་། རྩོམ་པ་བོ་སྐོར་ཞིག་ལ་འབྲེལ་ལམ་རྩད་མ་ཆོད་པས་ད་དུང་དཔར་དབང་གི་ཆོག་མཆན་ཞུ་མ་ཐུབ་པར་ལུས་ཡོད་པས། གང་ཞིག་གནང་གྲོལ་གྱི་འབྲེལ་བ་གཟུག་མ་ཐུབ་པའི་རྩོམ་པ་བོ་རྣམས་ལ་འདིར་དགོངས་འགལ་མི་གནང་བར་ཞུ། ཁྱོད་ཀྱི་ཞིབ་འཇུག་ནི་ང་ཚོའི་དམིགས་ཕྱོགས་དང་དགོས་མཁོ་ཡིན་ལ། ཁྱོད་ཀྱི་གྲུབ་འབྲས་ནི་ང་ཚོའི་འཕེལ་རྒྱས་དང་རེ་སྙེག་ཡིན་པས། ཁྱོད་ཚོས་ཞིབ་འཇུག་གི་ལམ་ནས་དཔྱད་རྩོམ་སོགས་ཀྱིས་རོགས་སྐྱོར་གནང་བ་འདིས། ང་ཚོའི་ཞིབ་འཇུག་གི་ལས་དོན་ལ་རྒྱབ་སྐྱོར་བླ་ན་མེད་པ་ཐོབ་ཡོང་བས་ཐུགས་རྗེ་ཆེ་ཞུ།
འདིར་བསྒྲིགས་པའི་དཔྱད་རྩོམ་རྣམས་ཀྱི་ཐོག་མའི་སྤྱི་ཁོག་གྲུབ་ཚུལ་དང་། རྒྱབ་རྟེན་གཉེར་ལུགས། ལྟ་གྲུབ་འཛིན་སྟངས་སོགས་ལ་ང་ཚོས་བཟོ་བཅོས་གཏན་ནས་མ་བརྒྱབ་པར་སྔ་སོ་བཞིན་བཀོད་ཡོད་མོད། རྩོམ་ཡིག་རེ་གཉིས་ཀྱི་ཁ་ཡིག་དང་རྗོད་བྱེད་ཀྱི་ཚིག་སྦྱོར་ལ་དགོས་དབང་གིས་བཅོས་སྒྱུར་ཕྲན་བུ་བརྒྱབ་ནས་སྐབས་བསྟུན་གང་འབྱོར་གྱིས་བཀོད་ཡོད་པས། དེ་ལུགས་བོད་རིག་པའི་ཞིབ་འཇུག་ལ་དུང་བ་ཡོད་པའི་རྒྱ་ཆེའི་ཀློག་པ་བོ་རྣམས་དང་། ཁྱད་པར་དུ་སྐབས་བབས་ཀྱི་དོ་བདག་རྩོམ་པ་བོ་གང་དེའི་སྙན་ལམ་དུ་གསལ་བཤད་བྱས་པ་ཡིན་ལ། ད་དུང་ཨ་མདོའི་རིག་གནས་གླེང་བའི་དཔྱད་རྩོམ་རིམ་པར་སྤེལ་པ་རྣམས། དེང་ཕྱིན་ལོ་དེབ་གཏམ་ཚོགས་ཀྱི་གླེགས་བམ་འདིའི་དེབ་ཕྲེང་ནང་ང་ཚོས་ཁད་ཀྱིས་བསྒྲིག་རྩིས་ཡོད་པས། དེ་ལུགས་བོད་ཀྱི་རིག་པ་སྨྲ་བའི་དྲན་དབང་རྣམས་ཀྱི་ཞལ་སྔར་ཕུལ་གསལ་བྱས་པ་ལགས་སོ།།
ཞེས་ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་
ཨ་མདོའི་བོད་ཀྱི་རིག་གནས་ཞིབ་འཇུག་ལྟེ་གནས་ཀྱིས་
༢༠༡༥ལོའི་ཟླ་༤པའི་ཚེས་༦ཉིན་བྲིས་པ་དགེ།