安多藏文化研究中心
 
通知公告
 
  新闻详细页面
当前位置: 本站首页>>专题研究>>历史文化>>正文
 
གཉན་ཆེན་གུང་སྔོན་གྱི་ལོ་རྒྱུས་རགས་ཙམ་བརྗོད་པ།
2018-04-28 17:17 འབྲུག་པ་མཁར། 

 

༄༅། ། གཉན་ཆེན་གུང་སྔོན་གྱི་ལོ་རྒྱུས་རགས་ཙམ་བརྗོད་པ།

འབྲུག་་མཁར།

ནང་དོན་གནད་བསྡུས།འདིར་མདོ་སྨད་ཀླུ་ཆུའི་བྱང་རྒྱུད་དུ་མངའ་བའི་གཉན་ཆེན་གུང་སྔོན་གྱི་ལོ་རྒྱུས་རགས་བསྡུས་ཤིག་སྟེ་གཉན་ཆེན་གུང་སྔོན་གྱི་སའི་ཆགས་ཚུལ་དང་གུང་སྔོན་ནི་སྲིད་པའི་ལྷ་ཞིག་ཡིན་ཚུལ།གཞན་གུང་སྔོན་དང་འབྲེལ་བའི་ཁོར་ཡུག་སྲུང་སྐྱོབ་ཀྱི་སྐོར་སོགས་རགས་ཙམ་བརྗོད་ཡོད།

བརྡ་ཆད་གཙོ་བོ།གཉན་ཆེན་གུང་སྔོན། ལོ་རྒྱུས།

འཛམ་གླིང་གི་མི་རིགས་དང་རྒྱལ་ཁབ་གང་ཞིག་ཡིན་རུང་དེར་རང་རང་གི་ཁྱད་ཆོས་སུ་གྱུར་བའི་ལྷ་སྒྲུང་གི་རིག་གནས་རེ་ཡོད།རིག་གནས་དེ་མི་རིགས་དང་རྒྱལ་ཁབ་སོ་སོའི་ལོ་རྒྱུས་ཀྱི་འཕོ་འགྱུར་དང་བསྟུན་ནས་འགྱུར་ལྡོག་ངེས་ཅན་རེ་བྱུང་ཡོད།བོད་ཀྱི་ལྷ་སྒྲུང་རིག་གནས་ལས་གཉན་གྱི་རིག་པ་དེ་བོད་ཀྱི་རིག་གནས་རྒྱབ་ལྗོངས་སུ་དར་ཁྱབ་ཆེ་བའི་དམངས་སྲོལ་རིག་པ་ཞིག་ཏུ་གྱུར་ཡོད་ལ།ལྷག་པར་གཉན་གྱི་ཆེས་ཐོག་མའི་ས་བོན་རྙེད་ས་ཡང་དང་ཐོག་མདོ་དབུས་མཐོ་སྒང་རང་ས་ཡིན་པ་དང་།ཕྱིས་སུ་ཆོས་ལུགས་ཀྱི་ཤན་ཤུགས་ཐེབས་པས་རིམ་གྱིས་འགྱུར་ལྡོག་དང་འཕེལ་རྒྱས་ངེས་ཅན་རེ་བྱུང་ནས་སྒྲིག་གཞིའི་མ་ལག་ཆ་ཚང་དུ་གྱུར།འདིར་གླེང་གཞིར་གྱུར་བའི་གཉན་ཆེན་གུང་སྔོན་གྱི་ལོ་རྒྱུས་མ་བརྗོད་གོང་“གཉན”ཞེས་པའི་མིང་དེར་གོ་བ་རགས་ཙམ་ལེན་པར་བྱ་དགོས་པ་སྟེ།སྤྱིར་བཏང་གི་“གཉན”ཞེས་པར་གོ་བ་ལེན་ཚུལ་མང་བོ་ཞིག་མཆིས་མོད། འདིར་བསྡུས་ན་གཉིས་ཡོད་དེ།གཅིག་ནི་རྭ་ཅོ་སྒོར་སྒོར་དུ་འཁྱིལ་ནས་སྐྱེས་པའི་རི་དྭགས་གཉན་ཞེས་པ་དེར་གོ ། གཞན་ཞིག་ནི་བོད་ཀྱི་གདོད་མའི་ལྷ་སྒྲུང་རིག་གནས་ནང་འཆད་པའི་ལྷ་ཀླུ་གཉན་གསུམ་གྱི་“གཉན”ཞེས་པ་ལ་གོ་བ་ཡིན།ཡིན་ཡང་། མཁས་པ་རེ་འགའི་བཞེད་ཚུལ་ལ་རི་དྭགས་གཉན་དང་ལྷ་ཀླུ་གཉན་གསུམ་གྱི་“གཉན”་གཉིས་གཅིག་ཏུ་སྦྲེལ་ནས་དེ་གཉིས་བར་འབྲེལ་བ་དམ་ཟབ་ཡོད་པར་བཤད།བཤད་ཚུལ་དེར་རྒྱུ་མཚན་མེད་པ་ཞིག་མིན་པར་སེམས། ཅིའི་ཕྱིར་ཞེ་ན། བོད་ཀྱི་གདོད་མའི་སྤྱི་ཚོགས་སུ་མི་རྣམས་ཀྱིས་རང་བྱུང་གི་སྣང་ཚུལ་མང་བོ་ཞིག་གི་གསང་བ་དེར་འགྲེལ་བཤད་རྒྱག་མ་ཐུབ་པས།སྣོད་བཅུད་ཀྱི་སྣང་ཚུལ་དེ་དག་ལ་མིའི་བློ་ཡུལ་ལས་འདས་པའི་སྟོབས་ཤུགས་ཅན་ལྷས་ཁ་ལོ་བསྒྱུར་བར་འདོད་ནས་རང་བྱུང་ཁམས་ཀྱི་སེམས་ཅན་དཀོན་པོ་དང་རྩ་ཆེན་དག་ལྷ་དེར་དབང་བ་དང་དེའི་སྤྲུལ་བ་རུ་བསམ་ནས་དེར་དད་བཀུར་བྱེད་སྲོལ་ཡོད།ད་དུང་ང་ཚོའི་མཐོང་ཐོས་སུ་གྱུར་བའི་བོད་ཀྱི་ཡུལ་ལྷ་དེ་དག་གི་བྱུང་རབས་ཀྱི་ལོ་རྒྱུས་ནང་དུའང་ཡུལ་ལྷ་དེ་དག་སྲོག་ཆགས་སེམས་ཅན་གང་རུང་ཞིག་ལ་འབྲེལ་བ་ངེས་ཅན་ཡོད་པ་ཀུན་ལ་གསལ།འདིར་དེ་གཉིས་ཀྱི་འབྲེལ་བ་བརྗོད་གཞིར་མ་གྱུར་བས་དེ་ཙམ་གྱིས་འཐུས་པར་བྱ། ལྷ་ཀླུ་གཉན་གསུམ་གྱི་“གཉན”་ཞེས་པ་དེ་ཇི་ལྟ་བུ་ཡིན་ཚུལ་ལ་གནའ་དེང་གི་མཁས་པ་མང་བོས་འགྲེལ་བཤད་འདྲ་མིན་བྱས་ཡོད་དེ།ཁ་ཅིག་གིས་“གཉན”ཞེས་པ་ནི། “དམ་པའི་རི་(Montagne saree)” 1ཞེས་པ་དང་། “མི་མ་ཡིན་(Fury)”2ཞེས་པ་དང་། ཡང་ཁ་ཅིག་གིས་“ཐོག་མར་འཇིག་རྟེན་ཁམས་བསྐྲུན་སྐབས་རོགས་རེས་བྱེད་མཁན་གྱི་ལྷ་རིགས་དྲུག་གི་གྲས་ཤིག་ཡིན།”3ཟེར། ཡང་འགའ་ཤས་ཀྱིས་“གཉན་ཞེས་པ་ནི་ཁྲབ་རྨོག་འཁོར་གསུམ་གྱིས་བསྐོར་ཡོད་པ་དང་།རྟ་མཆོག་གཡུ་འབྲུག་འདྲ་བ་རེ་བཅིབས་ནས་དྲག་པོ་ཁྲོས་པའི་ཉམས་ཀྱིས་དགྲ་བགེགས་ཆམ་ལ་འབེབས་པ་ཞིག་ཅེས་པ4 ཡིན་བཅས་བཞེད་ཚུལ་མང་དུ་གདའ། གཞན་གཉན་གནས་སའི་སྣོད་བཅུད་ཀྱི་ཚུལ་དང་ཐོག་མའི་མཆེད་ཁུངས་ཀྱི་ཐད་ནས་ཀྱང་གཉན་ལ་འགྲེལ་བཤད་བྱེད་ཚུལ་དུ་མ་ཡོད་པ་ལ།དེར་“གཉན་ཞེས་བྱ་བ་ནི་ནམ་མཁའ་ལ་གནས་”5ཞེས་པ་དང་། “ནམ་མཁའ་སྟོང་ལྡན་དང་།གསལ་བ་འོད་ལྡན། མུན་པ་ཟེར་ལྡན། དེ་གསུམ་འདུས་པའི་གཞི་ལས་ཀླུ་བྱུང་ཞིང་། དེ་དག་ཕན་ཚུན་གཅིག་ལ་གཅིག་བསྐྱེད་ནས་གཉན་ཁམས་བསམ་མེད་བྱུང་ལ།ནམ་མཁའི་འོད་ཟེར་ལ་གནས་ཏེ། རྫུ་འཕྲུལ་སྣ་ཚོགས་ཕྱོགས་བཅུར་ཡོངས་སུ་འགྱེད་ཅིང་ཐམས་ཅད་ཡོངས་སུ་གཉན་པས་ན་གཉན་ཞེས་བྱ་བའོ།6ཞེས་ཟེར། ཡང་ལ་ལས་“བྲག་དམར་བཙན་ལ་དམར་ནག་བདུད།གཡང་རི་ན་མཚོ་ཆུ་མིག་ཀླུ། སྤང་རི་ཕལ་ཆེར་གཉན་གྱི་རིགས་”ཞེས་དང་། 7 རེ་འགས་“གཉན་ནི་གཡའ་བྲག་དང་ནགས་ཚལ།རྩི་ཤིང་། ཆུ་ལ་སོགས་སུ་གནས་སྡོད་བྱེད་པ་ཞིག་ཡིན་”8ཞེས་བཞེད་པ་མི་མཐུན་པ་མང་། གང་ལྟར་གཉན་ནི་ལྷར་བཟུང་ན་སྣང་སྲིད་ཀྱི་ལྷའི་ཁྲོད་ཀྱི་ལྷ་བཙན་པོའམ་མཐུ་ཆེན་གྱི་གྲས་ཞིག་ཡིན་ལ།འདིས་མདོ་དབུས་མཐོ་སྒང་གི་གདོད་མའི་ཆོས་ལུགས་ནང་གོ་གནས་གལ་ཆེན་ཟིན་ཡོད་པ་དང་། བོད་ཀྱི་དམངས་སྲོལ་རིག་གནས་ནང་གི་གྲུབ་ཆ་གལ་ཆེན་ཞིག་ཏུ་ཡང་གྱུར་ཡོད་པ་བསྙོན་མེད་དུ་ངེས་པས།གཉན་ཆེན་གུང་སྔོན་གྱི་ལོ་རྒྱུས་ལ་དཔྱད་པར་འདོད་དོ། །

དང་པོ།གཉན་ཆེན་གུང་སྔོན་གྱི་དབྱིབས་ཆགས་ཚུལ།

གཉན་ཆེན་གུང་སྔོན་ནི་དུས་ད་ལྟ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ།བསང་ཆུ་རྫོང་གི་ཁོངས་གཏོགས་ཨ་མཆོག་གྲོང་བརྡལ་གྱི་སའི་ནུབ་བྱང་གི་མཚམས་སུ་ཡོད་ལ། སའི་གོ་ལའི་ཤར་ངོས་གཞུང་ཐིག་102°30'–103°00'དང་བྱང་ངོས་འཕྲེད་ཐིག་34°40'–35°00མཚམས་སུ་ཡོད།དེའི་སྤྱིའི་མཐོ་ཚད་ལ་རྒྱ་མཚོའི་ངོས་ནས་སྨི་4249.8ཡོད། ཨ་མཆོག་གྲོང་བརྡལ་ནས་ཨ་མྱེས་གུང་སྔོན་བར་སྤྱི་ལེ་30ལྷག་ཡོད།

གུང་སྔོན་ད་ལྟ་ཨ་མཆོག་ཚོ་བའི་ས་ཐོག་ཏུ་ཡོད་ཅིང་དེར་ཨ་མཆོག་ཚོ་ཤོག་གིས་བཀུར་སྲོལ་ཡོད།འོ་ན་སྔོན་ཆད་དེ་ཅི་ལྟ་བུ་ཞེ་ན། དེར་ཚོ་ཤོག་གཉིས་(འབོ་ར། ཨ་མཆོག)ཀྱི་རྒན་པ་ཚོའི་ངག་ཐོག་གི་བཤད་རྒྱུན་ལྟར་ན།སྔོན་ཆད་ཨ་མྱེས་གུང་སྔོན་ནི་འབོ་རའི་ས་ཐོག་ཏུ་ཡོད་པ་དང་འབོ་ར་ཤོག་པས་དེར་བཀུར་སྲོལ་ཡོད་ལ་དུས་ད་ལྟའང་བཀུར་བཞིན་ཡོད།གཉན་ཆེན་གུང་སྔོན་ནི་འབོ་ར་ཤོག་པ་དང་ཨ་མཆོག་ཚོ་བ་གཉིས་གཅིག་པུའི་ཡུལ་ལྷ་ཡིན་མིན་ལ་དོན་ཚན་གཉིས་པ་ནས་གླེང་བར་བྱ།ཕལ་ཆེར་སྤྱི་ལོ་ ལོར་ཚོ་ཤོག་གཉིས་ཀྱི་བར་ལ་ས་རྩོད་ཀྱི་སྡེ་གཟར་ཆེན་པོ་ཞིག་ལངས་པས། རྗེས་སུ་འདུམ་འགྲིག་བྱེད་སྐབས་འབོ་ར་ཚོ་བས་ཨ་མཆོག་ཤོག་པ་ལ་མི་བསད་སྟོང་འཇལ་ལ་ས་སྟོང་བརྒྱབ་པ་ཡིན་ལ།དེའི་ནང་གཉན་ཆེན་གུང་སྔོན་གྱི་ས་བབ་ཚུད་པ་རེད་ཅེས་རྒན་པ་ཚོའི་ངག་སྒྲོས་ལ་འབྱུང་། ཚོ་ཤོག་དེ་གཉིས་བར་བྱུང་བའི་སྡེ་གཟར་སྐོར་གྱི་གལ་ཆེའི་ཡིག་ཚགས་རེ་ལག་སོན་མ་བྱུང་བས་ངག་སྒྲོས་དེའི་བདེན་ཁུངས་གསལ་བཤད་གནང་མ་ཐུབ།

གཉིས་པ། གཉན་ཆེན་གུང་སྔོན་ནི་སྲིད་པའི་ལྷ་ཞིག་ཡིན་ཚུལ།

སྤྱིར་བོད་ཀྱི་གདོད་མའི་ཆོས་ལུགས་ཁྲོད་ཀྱི་ལྷ་ཀླུ་གཉན་གསོལ་གྱི་ཆོ་གའི་རིག་པ་དེའི་ས་བོན་གྱི་ཐོག་མའི་རྨང་ལ་བརྩད་ཞིབ་བྱ་དགོས་ན།དུས་རབས་དྲུག་པ་ནས་བདུན་པའི་སྔ་རོལ་གྱི་བོན་གྱི་རིག་གཞུང་ལ་ཁུངས་གཞི་བཅོལ་དགོས། དེར་འབྲེལ་གྱི་སྲིད་པའི་ལྷ་ཞེས་པར་བསྡུས་དོན་ཙམ་ལ།བོན་ཆོས་རིག་གནས་ལས་དེ་ནི་མདོ་དབུས་མཐོ་སྒང་གི་སྐམ་ས་ཐོག་མར་བྱུང་བ་དང་བསྟུན་ནས་འགྲོ་བ་བོད་མིའི་མགོན་སྐྱོབ་དུ་བྱུང་བའི་ལྷ་ཆེན་གྱི་ཚོགས་ཞིག་ཡིན་པར་བཤད།གཉན་ཆེན་གུང་སྔོན་ནི་སྲིད་པའི་ལྷར་བཞེད་པའི་ཁ་གསལ་ཁུངས་ཡང་དག་ཅིག་མཐོང་ལམ་དུ་མ་གྱུར་བས།དེ་སྲིད་པའི་ལྷ་ཡིན་ཚུལ་ལ་ཐན་ཐུན་རིག་པས་ཅུང་ཙམ་དཔྱད་པར་བྱ།

ལྷ་གཉན་ཆེན་པོ་སྔོ་ལ་གཡུ་རྩེ་དང་གཉན་ཆེན་གུང་སྔོན་གྱི་གསོལ་མཆོད་ནང་དུ་འདི་བལྟ་སྟེ།“…ཁྱད་པར་དྲེགས་པའི་ལྷ་གཉན་མཐུ་བོ་ཆེ། ། སྣང་སྲིད་སྡེ་བརྒྱད་ཚོགས་ཀྱི་རྗེ་དཔོན་དུ།། མ་རྟོགས་དབང་གིས་བརྙས་སྨོད་སྒྲོ་སྐུར་སོགས། ། བྱིས་བློས་ནོངས་པ་གང་བགྱིས་མཐོལ་ལོ་བཤགས།། …་”9ཅེས་པ་དང་“…སྣང་སྲིད་དྲེགས་པའི་རྒྱལ་བོ་གཉན་རྗེ་གུང་སྔོན་ནམ་མཁའི་མདངས་དང་ལྡན་ཞིང་ཉི་མ་བྱེ་བའི་གཟི་བྱིན་འབར་བ།…10ཞེས་འདྲེན་སྲོལ་ཡོད་པ་དང་། གཞན་“གཉན་ཆེན་སྔོ་ལ་གཡུ་རྩེ་དང་དམག་བསྐུལ་གུང་སྔོན་གཉིས་དགྲ་འདུལ་དཀར་སྐྱོང་གི་འཁོར་ཚོགས་དང་།གཉན་ཆེན་གུང་སྔོན་ནི་འབྲོག་གནས་ཀྱི་སྡེ་དཔོན་པོ་གཉན་རྗེ་སྔོ་ལ་གཡུ་རྩེའི་བསྟན་འགྲོའི་སྤྱི་དགྲ་ཟློག་པའི་སྡོངས་གྲོགས་གལ་ཆེན་ཞིག་ཡིན།” སྣང་སྲིད་ཀྱི་ལྷ་སྤྱིའི་ཚོགས་པ་སྣང་སྲིད་ལྡེ་བརྒྱད་དེ། “ལྷ། བདུད། དམུ། བཙན།རྒྱལ་བོ། གཤིན་རྗེ། ས་བདག་ཀླུ་གཉན། སྲིན་པོ་” བཅས་ཡིན།གོང་གི་ལུངས་ཁུང་དེ་ལས་འབྲོག་གནས་ཀྱི་སྡེ་དཔོན་ཆེན་པོ་གཉན་རྗེ་སྔོ་ལ་གཡུ་རྩེ་ནི་སྣང་སྲིད་སྡེ་བརྒྱད་ཀྱི་རྗེ་དཔོན་དུ་མངའ་སྲོལ་དང་དམག་བསྐུལ་གཉན་རྗེ་གུང་སྔོན་ཡང་སྣང་སྲིད་ཀྱི་དྲེགས་པའི་རྒྱལ་བོར་འདྲེན་པ་དང་།གཞན་ལྷ་གཉན་ཆེན་པོ་སྔོ་ལ་གཡུ་རྩེ་དང་གཉན་ཆེན་གུང་སྔོན་གཉིས་དང་པོ་ནས་དཔུང་རོགས་ཀྱི་འབྲེལ་འདྲིས་དམ་ཟབ་ཡོད་པ་དག་ལས།གཉན་ཆེན་སྔོ་ལ་གཡུ་རྩེ་དང་གཉན་རྗེ་གུང་སྔོན་གཉིས་ཐོག་མ་བོད་ཀྱི་འགྲོ་བ་བྱུང་བ་དང་བསྟུན་ནས་བྱུང་ཞིང་འགྲོ་བར་ཕྱོགས་བཅུའི་འདྲེ་སྲིན་གྱིས་བར་ཆད་དང་འབྱུང་བཞིའི་འཇིགས་པ།མི་ལ་ན་ཚ་དང་ཕྱུགས་ལ་གོད་ཁ་སོགས་བཟློག་ཐུབ་པ་ཞིག་ཡིན་པར་གཞིགས་ན་གཉན་ཆེན་གུང་སྔོན་ནི་སྲིད་པའི་ལྷ་ཞིག་ཡིན་པར་སེམས།

གཞན་གཉན་རྗེ་གུང་སྔོན་ལ་ཡང་རྨ་རྒྱལ་སྤོམ་ར་དང་སྔོ་ལ་གཡུ་རྩེ་གཉིས་དང་འདྲ་བར་མངའ་འཁོར་གྱི་ཚོགས་དང་ལྡན།དེ་ནི་ “སྣང་སྲིད་དྲེགས་པའི་མངའ་བདག་གཉན་རྗེ་གུང་སྔོན་ནམ་མཁའི་མདངས་དང་ལྡན་ཞིང་ཉི་མ་བྱེ་བའི་གཟི་བྱིན་འབར་བ།མདུན་ན་ཡུམ་ཆེན་གཡུ་སྒྲོན་དཀར་མོ་མདའ་དར་མེ་ལོང་འཛིན་པ། དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་ཅན་ཡུ་མོ་ལ་བཅིངས་པ།སྲས་སྨོན་པ་དོན་གྲུབ་ཟླ་ཤེལ་ལྟར་མཛེས་ཤིང་དར་སྔོན་པོའི་ན་བཟའ་ཅན་ཕྱག་གཉིས་བུམ་བཟང་བསྣམས་ཤིང་རྟ་མཆོག་ངང་དཀར་ལ་བཅིབས་པ།ལྕམ་གངས་ཀྱི་ཡུམ་ཆེན་ཀུན་བཟང་མ་དཀར་མོ་སེང་གེ་ལ་བཅིབས་ཤིང་ཚེ་བུམ་འཛིན་པ། གཡས་ཀྱི་བློན་པོ་སྤེན་དཀར་བསེ་ཁྲབ་གྱོན་པ་མི་དམར་རྟ་དམར་བཙན་མདུང་དམར་པོ་འཛིན་པ།རྒྱབ་ཀྱི་མ་ཞིང་ཁྱུང་རྩེ་སྐུ་མདོག་དཀར་བོ་རྟ་མཆོག་དུང་གི་མདོག་ཅན་བཅིབས་ཤིང་དར་མདུང་ཁྲ་བོ་འཕྱར་བ།གཡོན་ན་ཉེ་གནས་ལྕང་དཀར་གསེར་གཞུང་རིན་པོ་ཆེས་བཀང་བ་བཟུང་སྟེ་བཞེངས་པ། གཞན་ཡང་གཉན་དམག་བརྒྱད་ཁྲི་བཞི་སྟོང་།སྣང་སྲིད་ཀྱི་ལྷ་སྲིན་སྡེ་བརྒྱད། སྨན་མོའི་ཚོགས་དང་བཅས་པ་ཐམས་ཅད་མཆོག་གསུམ་བདེན་པས་བསྐུལ་ཞིང་།མངོན་ཤེས་སྤྱན་གྱིས་གཟིགས་ནས་དགྱེས་བཞིན་མགྲོན་དུ་བྱོན་པར་གྱུར་” ཅེས་པ་ལས་གཉན་རྗེ་གུང་སྔོན་ལ་ཡང་མངའ་འཁོར་གྱི་ཚོགས་དང་ལྡན་ཞིང་སྲིད་པའི་ལྷ་ཆེན་དགུ་དང་འདྲ་བར་དང་ཐོག་བོད་ཀྱི་ས་སྒང་འདི་བྱུང་བ་དང་བསྟུན་ནས་བོད་མིའི་མགོན་དུ་བྱོན་པར་སྙམ།དེ་ནི་སྲིད་པའི་ལྷ་ཆེན་དགུའམ་བོད་ཀྱི་ཡུལ་ལྷ་བཞི་(རྨ་རྒྱལ་སྦོམ་ར། དབྱི་རྒྱལ་དམག་དཔོན།གཉན་ཆེན་ཐང་ལྷ། སྒྱོགས་ཆེན་སྡང་ར། )དང་འདྲ་བར་རང་རང་ལ་ས་ཁམས་ཀྱི་བཀའ་བསྒོས་མི་འདྲ་བ་རེ་ནས་བོད་མིའི་བདེ་སྡུག་ལྷུན་གྱིས་བཞེས་པ་ཞིག་ཡིན་ལ།དེ་ལས་གཉན་ཆེན་གུང་སྔོན་ནི་སྲིད་པའི་ལྷ་ཞིག་ཡིན་པར་ངེས།

ཡང་ཕྱོགས་གཞན་ཞིག་ནས་གཉན་རྗེ་གུང་སྔོན་ནི་ཚོ་ཤོག་(འབོ་ར།ཨ་མཆོག) དེ་གཉིས་གཅིག་པུའི་ཡུལ་ལྷ་མིན་པར་མདོ་ཁམས་སྤྱིའི་མགོན་སྐྱབས་ཡིན་པ་འདྲ། རྒྱུ་མཚན་ནི་“འབྲོག་གནས་ཀྱི་སྡེ་དཔོན་ཆེན་པོ་གཉན་རྗེ་སྔོ་ལ་གཡུ་རྩེ་ལས་གཞན་པའི་མདོ་སྨད་ཡུལ་གྱི་ཡུལ་ལྷ་དྲེགས་པའི་མངའབདག་གཉན་རྗེ་གུང་སྔོན་” ཞེས་བཞེད་སྲོལ་ཡོད་པ་དེ་དག་ལས་ཤེས་ཐུབ་བོ། །


 

གསུམ་པ། གུང་སྔོན་དང་འབྲེལ་བའི་ཁོར་ཡུག་སྲུང་སྐྱོབ་སྐོར།

 

བོད་ཀྱི་ལྷ་ཀླུ་གཉན་གསུམ་ལ་སྐྱབས་བཅོལ་དང་མཆོད་བཀུ་བྱེད་པའི་ཆོ་ག་དེས་རང་བྱུང་ཁོར་ཡུག་གི་སྐྱེས་ཁམས་ལའང་སྲུང་སྐྱོབ་ཀྱི་ནུས་པ་ངེས་ཅན་ཐོན་བཞིན་ཡོད།དེ་ནི་གདོད་མའི་དུས་སུ་མདོ་དབུས་མཐོ་སྒང་གི་མི་རྣམས་ཀྱིས་རང་བྱུང་ཁམས་ཀྱི་སྣང་ཚུལ་སྣ་ཚོགས་ཏེ།ཉི་ཟླའི་འཆར་ནུབ་དང་གཟའ་འཛིན། གནམ་ལྕགས་ཐན་སེར། དུས་ཀྱི་འགྲུལ་བཞུད་ཀྱི་ཆོས་ཉིད་སོགས།མདོར་ན་འབྱུང་བཞིའི་སྣང་ཚུལ་ཐ་དག་གི་ཆོས་ཉིད་དེར་འགྲེལ་བཤད་རྒྱག་མ་ཐུབ་པས། སྣང་ཚུལ་དེ་དག་མི་མ་ཡིན་གྱིས་ཁ་ལོ་བསྒྱུར་བ་དང་།རང་བྱུང་གི་སྐྱེས་དངོས་མཐའ་དག་དེར་དབང་བ་དང་དེའི་སྒོ་ཕྱུགས་སོགས་སུ་བརྩིས་ནས་དེར་མཆོད་བཀུར་བྱས་པས་འཚེ་མེད་སྲུང་སྐྱོབ་ཀྱི་ཐོག་མའི་རྨང་ཞིག་བྱུང་བ་རེད།རྒྱུན་དེ་ནི་སྒང་བ་བོད་མིའི་བསམ་བློའི་ནང་དུས་ད་ལྟའི་བར་མ་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ཀྱི་ཚུལ་དུ་ཡོད་པ་ཀུན་གྱིས་ཤེས་པ་ཞིག་རེད།བོད་མི་ཚོས་གང་ས་གང་དུ་རང་བསམ་རང་འདོད་ཀྱིས་ས་རྐོ་རྡོ་སློག་སོགས་མི་བྱེད་ལ། ལྷག་པར་དུ་ཡུལ་ལྷ་གཞི་བདག་མཆིས་པའི་གནས་རི་དག་ལ་སྲུང་སྐྱོབ་དང་མཆོད་སྲོལ་ཡོད་དེ།དཔེར་ན། “མདོ་སྨད་ཀྱི་བིས་མདོ་ས་ཁུལ་དུ་རི་ལུང་གཞན་གྱི་ནགས་ཚལ་མི་ཉུང་བ་ཞིག་བཅད་ཟིན་རུང་།ཨ་མྱེས་ཡེང་ལི་ཞེས་པའི་ཡུལ་ལྷ་གནས་པའི་རི་རྒྱུད་ཀྱི་སྡོང་བོ་གཅིག་ཀྱང་གཅོད་མ་ཕོད་པར་ཆ་ཚང་དུ་ཡོད་པ་ལྟ་བུ་དང་།སི་ཁྲོན་ཞིང་ཆེན་གྱི་ཟུང་ཆུ་གཙང་བོའི་རྒྱུད་ཀྱི་ནགས་མང་བོ་བཅད་ཚར་ཡང་ཤར་དུང་རི་དཀར་པོ་ཞེས་པའི་ཡུལ་ལྷ་གནས་པར་གྲགས་པའི་རི་བོའི་ཉེ་འདབས་ཀྱི་ནགས་དང་ཆུ་སོགས་སྒུལ་ཙམ་ཡང་བྱེད་མ་ཕོད་པར་རང་སོ་ན་གནས་པས།ད་ལྟ་རྒྱལ་ཁབ་ཕྱི་ནང་གི་ལྗོངས་རྒྱུ་ལྟ་སྐོར་བྱེད་པའི་གནས་མཆོག་དམ་པར་གྱུར་ཡོད་” ཅེས་པ་ལ་སོགས་པ་མངོན་སུམ་གྱི་གནས་ཚུལ་འདི་འདྲ་མང་བོ་ཞིག་མཆིས་ལ།བོད་མིའི་ལྷ་ཀླུ་གཉན་གསོལ་གྱི་དད་མོས་དེས་ཕྱིའི་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་ཀྱི་ནུས་པ་ངེས་ཅན་ཐོན་དང་འདོན་བཞིན་པ་གདོན་མི་ཟའོ།།

 

མཇུག་བསྡུ་བ།

 

འཛམ་གླིང་གི་རྒྱལ་ཁབ་དང་མི་རིགས་སོ་སོར་རང་རང་གི་ཁྱད་ཆོས་སུ་གྱུར་པའི་དམངས་སྲོལ་རིག་གནས་ཀྱི་རྨང་གཞི་ཕུན་སུམ་ཚོགས་པ་རེ་ཡོད།བོད་ལ་ཡང་དེ་དང་འདྲ་བར་ཆ་ཚང་བའི་དམངས་སྲོལ་གྱི་རིག་གནས་ངོམས་ཆོག་པ་ཞིག་ཡོད་ལ། ནང་སྒོས་སུ་བོད་ས་ནས་དར་བའི་ལྷ་ཀླུ་གཉན་གསོལ་གྱི་མཆོད་བཀུར་རིག་པ་དེ།ཕྱིས་འབྱུང་གི་བོད་ཀྱི་རིག་གནས་ནང་དར་སྤེལ་དང་བདག་པོར་རྒྱག་རྒྱུ། གཞན་“གཉན”ཞེས་བྱ་བའི་ཡུལ་ལྷ་གཞི་བདག་ཞིག་དངོས་སུ་ཡོད་མེད་ལ་ང་ཚོས་མུ་མཐུད་དུ་རིག་པས་དཔྱད་པ་གཏོང་རྒྱུ་ནི་གལ་འགངས་ཆེ་བའི་གནད་ཅིག་ཡིན་པར་སེམས།

 

ཟུར་མཆན།

 

123མཁར་རྨེའི་བསམ་གཏན་གྱི་གསུང་རྩོམ་ཕྱོགས་བསྒྲིགས།«མདའ་དང་འཕང་། » སྨད་ཆ། [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༧.༩ཤོག༣༤༦

 

4ཚེ་བརྟན་རྒྱལ། «ཨ་མདོའི་གོམས་སྲོལ་ཉུང་བསྡུས། » [M]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།༢༠༡༠.༩ཤོག༢༣༩

 

5ཀན་སུའུ་མི་རིགས་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་དཔྱད་རྩོམ་ཕྱོགས་བསྒྲིགས།བོད་ཡིག་མ། [C] མི་རིགས་དཔེ་སྐྲུན་ཁང་། ༢༠༠༦.༩ཤོག༨༡

 

67འབལ་གཞུང་ཁྱུང་ཐར་རྒྱལ། «བོད་ཀྱི་ལྷ་སྒྲུང་སྐོར་གླེང་བ།» [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༠.༡༠ཤོག༥༧ཤོག༥༨

 

8丹珠昂奔«藏族文化发展史» 上册 [M]甘肃教育出版社 p206

 

9གུང་ཐང་བསྟན་པའི་སྒྲོན་མེའི་གསུང་འབུམ། [M] མི་རིགས་དཔེ་སྐྲུན་ཁང་།༢༠༠༦.༡ཤོག༦༧ཤོག༧༤ཤོག༧༥

 

⑫⑭(奥地利)勒内.德 内贝斯基 沃杰科维茨著 谢继胜译«西藏的神灵和鬼怪»[M]西藏人民出版社  1993.5p249 p247

 

དོན་གྲུབ་ཚེ་རིང་དང་ཕག་མོ་ཚེ་བརྟན། ལ་ལི་ཏ་བཅས་ཀྱིས་བསྒྲིགས།«བོད་ཀྱི་སྲོལ་རྒྱུན་རྒྱུན་སྐྱོང་ཐུབ་པའི་འཕེལ་རྒྱས་འདུ་ཤེས་ཀྱི་ཡིག་ཆ་བདམས་བསྒྲིགས།»[C] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།༢༠༡༡.༤ཤོག༡༣༠

 

 

(༢༠༡༣ལོའི་ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་རིག་དེབ་དེབ་དང་བོ་ལས་དྲངས།)

 

上一条:浅谈舟曲藏族部落
下一条:མཚོ་སྔོན་པོ་ནུབ་རྒྱུད་ཀྱི་ས་མིང་འགའི་འབྱུང་ཁུངས་རགས་ཙམ་དཔྱད་པ།
关闭窗口
 
 
 
 
 学校首页 | 本站首页 | 专题研究 | 研究机构 | 科研成果 | 文献典籍 | 学者风采 | 动态新闻 | 藏文版 

版权所有:甘肃民族师范学院安多藏文化研究中心